Degé Kangyur volume 1, F.80.a

ཅིག་བསྲེལ་ན་ཅི་ནོངས་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་རབ་ཏུ་འབྱུང་བར་འདོད་པ་ཕ་མས་མ་གནང་བ་ཞག་བདུན་མི་བསྲེལ་བ་ལས་གྱུར་པ་ཡིན་ནོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཕ་མ་གསོན་ཞིང་དེ་གཉིས་ཀྱིས་མ་གནང་བར་འོངས་ན་ཞག་བདུན་ནམ་བརྒྱད་བསྲེལ་བར་བྱའོ། །​བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བར་འདོད་པ་འོངས་ན་ཞག་བདུན་ནམ་བརྒྱད་བསྲེལ་བར་བྱའོ་ཞེས་བཀའ་སྩལ་ནས། རབ་ཏུ་འབྱུང་བར་འདོད་པ་ཕ་མས་གནང་བ་གཞན་དག་འོངས་ཤིང་ཡུལ་ཐག་རིང་བ་ཕ་མས་གཏམ་ཡང་མི་ཐོས་པ་དག་ཀྱང་འོངས་པ་ན། དགེ་སློང་རྣམས་ཀྱིས་དེ་དག་ཀྱང་ཞག་བདུན་ནམ་བརྒྱད་སྲེལ་བར་བྱེད་པས་དེ་དག་རབ་ཏུ་བྱུང་བ་མ་ཐོབ་པར་དོང་སྟེ། དེ་ཉིད་ཚེ་དང་ལྡན་པ་དེ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོའི་བར་ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕ་མས་གནང་བ་གང་དག་འོངས་པ་དང་། ཡུལ་ཐག་རིང་པོ་ཕ་མས་གཏམ་ཡང་མི་ཐོས་པ་གང་དག་འོངས་པ་དེ་དག་ནི་རབ་ཏུ་དབྱུང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ།​། །​།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །​རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་དེའི་བུ་བྱུང་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཡུ་བུ་ཅག་གི་བུ་ལོན་འཇལ་བར་བྱེད་པ་དང་། ནོར་སྤྱོད་པ་སྐྱེས་ཀྱིས། ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །​རྗེའི་སྲས་དེ་བཞིན་མཛོད་ཅིག །​དེ་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29198#UT22084-001-001-29198